གུ་རུ་རིན་པོ་ཆེ་གི་ག་དེ་འབད་གསུང་བཞག་ནུག་ཟེར་བ་ཅིན་ དུས་ནམ་མི་འགྱུར་མི་ནམ་འགྱུར་ཟེར་གསུང་ཡོདཔ་བཟུམ་ མ་གཞི་བསིལ་དྲོད་གནས་སྟངས་དང་འཁྲིལ་བ་ཅིན་ ཁ་སྟོད་རྒེད་འོག་ནང་ལྕང་ལཱ་རྐྱབ་ནི་མེདཔ་ཨིན་རུང་ མི་སེར་གྱི་འཚོར་བའི་གནས་སྟངས་ཡར་དྲག་བཏང་ནི་ལུ་དམིགས་ཏེ་ལྕང་ལཱ་རྐྱབ་ནི་གི་ལཱ་འགོ་བཙུགས་ཡོདཔ་ཨིན། ཧེ་མ་འབད་བ་ཅིན་ཁ་སྟོད་རྒེད་འོག་ནང་ལོ་ཐོག་ ཀར་དང་ནག་ཚུ་རྐྱངམ་གཅིག་ཚོ་དོ་ཡོདཔ་དང་ ཁོང་གི་བྱཱ་ཞིང་ཚུ་ཁ་སྨད་རྒེད་འོག་ཡོདཔ་ཨིན་མས།
ད་རེས་མི་སེར་སོ་ནམ་པ་དང་རྒེད་འོག་རྒྱ་སྐྱེད་པ་དེ་ལས་ སོ་ནམ་འགོ་དཔོན་གོང་འོག་གཉིས་དང་དྲགོས་རྫོང་རབ་དང་ཁྲི་འཛིན་ དེ་ལས་དྲགོས་རྫོང་བདག་ཚུ་གི་ སྤྱི་ཚེས་ ༣/༦/༢༠༡༧ ལུ་ཁ་སྟོད་རྒེད་འོག་བཟང་མེད་ན་ལུ་ཨ་རིང་ཨེ་ཀར་བཞི་ཆ་གཅིག་ནང་ལུ་ཞིང་གི་ཇོ་བདག་དང་གཅིག་ཁར་ ལྕངམ་ཚུ་བཙུགས་ཡོདཔ་ཨིན། ག་དེམ་གཅིག་འབད་ནད་གཞི་དང་རིགས་བདག་སེམས་ཅན་ཚུ་གི་བྱཱ་ཚུ་མ་བཟའ་བ་ཅིན་ དུས་ཅི་རེ་ཀེ་ཇི་ ༤༠༠ དེམ་ཅིག་བསྡུ་ཚུགས་པའི་རེ་བ་བཀལཝ་ཨིན། དུས་ཅི་ཁ་སྟོད་རྒོད་འོག་ནང་ལྕང་ལཱ་འགོ་དང་པ་འབད་ནི་འདི་གི་ རྗས་སྦྱོར་གྱི་རིགས་ག་ནི་ཡང་མ་རླུགཔ་ལས་ ཚོང་ལམ་ལེགས་ཤོམ་འོང་པའི་རེ་བ་བཀལཝ་ཨིན།
དགའ་ས་གི་མི་སེར་ཚུ་ལྕང་ལཱ་མ་རྐྱབ་པརལོ་ངོ་ ༡༢ དེམ་ཅིག་སོང་ཡོདཔ་ཨིན་རུང་ དགའ་ས་གི་སོ་ནམ་རྒྱ་སྐྱེད་པ་ ཨེལ་བི་བཱིས་བ་གི་ད་རུང་ལྕང་ལཱ་རྐྱབ་ནིའི་ལཱ་འགོ་བཙུགས་ཡོད་མི་ལུ་ དགའ་ས་གི་མི་སེར་ཚུ་གི་ད་ལྟོ་བར་ན་ཡང་བཀའ་དྲིན་བསམ་ཏེ་ཡོདཔ་ཨིན། མི་སེར་སོ་ནམ་པ་ཚུ་ ལྕང་ལཱ་མ་རྐྱབ་མི་འདི་ ཁྱིམ་ནང་མི་ལཱ་མེད་མི་ལུ་བརྟེན་ཨིན་པའི་ཁར་ ལོ་ཐོག་ཚུ་རིགས་བདག་སེམས་ཅན་ཚུ་གི་བཟའ་ནི་འདི་གི་ཨིན་མས། ཨིན་རུང་རྒྱབ་ཁབ་འགྱུར་བ་དང་བསྟུན་ སོ་ནམ་གྱི་འཕྲུལ་ཆས་མ་འདྲཝ་ཚུ་ཐོནམ་ལས་ མི་སེར་ཚུ་ལོག་ལྕང་ལཱ་རྐྱབ་ནི་འགོ་བཙུགས་ཡོདཔ་ཨིན།
རྫོང་ཁག་སོ་ནམ་སྡེ་ཚན་ཁ་ཐུག་ལས་ བྱཱ་ཞིང་ཨེ་ཀར་ལྔ་དེམ་ཅིག་རྒྱ་སྐྱེད་བཏང་ནི་ལུ་དམིགས་ཏེ་སྐྱེལཝ་ཨིན།
སྤྱི་ཟླ་ ༡༠ པའི་ནང་ཁ་སྟོད་རྒེད་འོག་གི་མི་སེར་ཚུ་སྦལ་ཆུ་ལུ་བྱཱ་ལཱ་རྐྱབ་ཡོདཔ་ཨིན།