དགའ་ས་རྫོང་ཁག་གི་སྐོར།

 

དགའ་ས་རྫོང་ཁག་འདི་ འབྲུག་རྒྱལ་ཁབ་ཀྱི་བྱང་ཁ་ཐུག་ རྒྱ་མཚོ་ལས་མཐོ་ཚད་མི་ཊར་ ༡༥༠༠-༤༥༠༠ ནང་འཁོད་ཆགས་ཏེ་ཡོདཔ་ཨིན། དེ་ཡང་སྤུ་ན་ཁ་དང་ཐིམ་ཕུག་ དབང་འདུས་རྫོང་ཁག་གི་ས་མཚམས་ཚུ་མཐུད་ཡོདཔ་མ་ཚད་ བྱང་ཁ་ཐུག་ལས་རང་སྐྱོང་མངའ་སྡེ་བོད་གཡུས་ཀྱི་སྐོར་ཏེ་ཡོདཔ་ཨིན། དགའ་ས་རྫོང་ཁག་གི་ སའི་རྒྱ་ཚད་ གྲུ་བཞི་ཀི་ལོ་མི་ཊར་ ༣༠༨༡.༧༧ དེ་ཅིག་ཡོདཔ་དང་རྒེད་འོག་ ༤ ནང་ མི་རློབས་ ༢༩༧༠ ཡོདཔ་ཨིན། རྒེད་འོག་ ༤ འི་གྲལ་ལས་ མཐའ་ཟུར་དང་ཐག་རིང་ཤོས་ར་ལུང་ནག་ན་རྒེད་འོག་ཨིན།

 

རྒེད་འོག་ ༤ འི་མིང་།

༡. དགོན་ཁ་སྟོད།

༢. དགོན་ཁ་སྨད་།

༣. ལ་ཡག།

༤. ལུང་ནག་ན།

དགའ་ས་རྫོང་ཁག་འདི་ གནམ་དགུན་གྱི་དུས་ཚོད་རིངམ་སྦེ་ཡོད་པའི་ཁར་ ཁོད་སི་སི་དང་ཁཝ་རྒྱུན་མ་ཆད་པར་རྐྱབ་དོ་ཡོད་རུང་ གནམ་བྱཱར་གྱི་དུས་ཚོད་ལུ་ གནམ་གཤིས་དགའ་ཏོག་ཏོ་ཡོདཔ་ཨིན། དགའ་ས་རྫོང་ཁག་གི་ཁ་སྐད་རྫོང་ཁ་ཨིན། ལ་ཡག་རྒེད་འོག་གི་ཨམ་སྲུ་ཚུའི་རྒྱན་ཆ་གཞན་དང་མ་འདྲཝ་ཡོདཔ་ཨིན།

དགའ་ས་རྫོང་ཁག་འདི་ གངས་རི་གི་བསྐོར་ཏེ་ཡོདཔ་ལས་ གངས་ཆེན་ཚུ་མཛེས་ཏོག་ཏོ་དང་འཇའ་ཆི་ཆི་སྦེ་མཐོང་དོ་ཡོདཔ་མ་ཚད་ རྒྱལ་ཁབ་ཀྱི་ཆུ་ཆེན་ལེ་ཤ་ར་རྫོང་ཁག་དེའི་ རི་བོ་གངས་ཅན་ཚུ་ལས་འབབ་དོ་ཡོདཔ་ཨིན། ཆུ་ཆེན་ཕོ་ཆུ་མོ་ཆུ་དེ་ཡང་དགའ་ས་རྫོང་ཁག་གི་ལ་གཡག་དང་ལུང་ནག་ན་རྒེད་འོག་ ༢ ལས་འབབ་དོ་ཡོདཔ་དང་། སྤུ་ན་གཙང་ཆུ་ལས་སུན་ཀོཤ་བརྒྱུད་དེ་མཐའ་མཇུག་རྒྱ་གར་རྒྱལ་ཁབ་ནང་འཐོན་འགྱོ་དོ་ཡོདཔ་ཨིན།

དགའ་ས་རྫོང་ཁག་འདི་ འཇིགས་མེད་རྡོ་རྗེ་རྒྱལ་ཡོངས་གླིང་ཀའི་ས་ཁོངས་ནང་ཚུད་དེ་ཡོདཔ་ལས་ རི་དྭགས་སེམས་ཅན་དང་བྱའི་རིགས་མ་འདྲཝ་ཚུ་མཐོང་ཚུགསཔ་ཨིན། རྫོང་ཁག་འདི་ བརྒྱ་ཆ་ ༦༨% དེ་ཅིག་ནགས་ཚལ་གྱིས་ཁྱབ་སྟེ་ཡོད་པའི་གྲལ་ལས་ བརྒྱ་ཆ་ ༣༥% དེ་ཅིག་ཚལ་མ་ཨིནམ་དང་བརྒྱ་ཆ་ ༢༧% དེ་ཅིག་གདུང་ཤིང་། བརྒྱ་ཆ་ ༡༥% དེ་ཅིག་ཀོང་ཤིང་དང་སླ་བསྲེ་སྦེ་ཡོདཔ་མ་ཚད་ བརྒྱ་ཆ་ ༤% དེ་ཅིག་འདབ་མ་སྦོམ་གྱི་ནགས་ཚལ་ཨིན་པའི་ཁར་ གཞན་རྩྭ་འབྲོག་ཡོདཔ་ཨིན།

དགའ་ས་རྫོང་ཁག་འདི་ སྨན་ཆུ་དང་ཚྭ་ཆུ་གི་གང་སྟེ་ཡོདཔ་ལས་ ལོ་ཨ་རྟག་ར་མི་སྟོང་ཕྲག་སྦེ་ ཚྭ་ཆུ་དང་སྨན་ཆུ་བངས་པར་འོང་དོ་ཡོདཔ་མ་ཚད་ ཕྱི་རྒྱལ་ཁབ་ལས་ལྟ་བཤལ་པ་ཚུ་ཡང་འོང་དོ་ཡོདཔ་ཨིན།    རྫོང་ཁག་འདི་ ས་ཁ་མཐོ་ས་ཅིག་ནང་འབདཝ་ལས་སོ་ནམ་ཞིང་ལཱ་འབད་ནི་ལུ་ལཱ་ཁག་གཏང་དོ་ཡོད་རུང་ འཚོ་བ་ལ་ནོར་ལུ་བརྟེན་ཏེ་སྡོད་དོ་ཡོདཔ་ཨིན།

འབྲུག་རྒྱལ་ཁབ་ཀྱི་དེབ་རཱ་ཇ་དང་པ་བསྟན་འཛིན་འབྲུག་རྒྱལ་འདི་ དགའ་ས་ནང་ཡོངས་གྲགས་ཡོད་པའི་ཧོབ་འཚོ་བླམ་གི་མི་རྒྱུད་ཨིན་པའི་ཁར་ རཱ་ཇ་གི་ཧོབ་འཚོ་རྫོང་རྙིངམ་འདི་ད་ལྟོའི་བར་ན་ཡང་མཇལ་ཚུགསཔ་ཨིན། ལྷག་པར་དུ་ ཞབས་དྲུང་ངག་དབང་རྣམ་རྒྱལ་རིན་པོ་ཆེ་མཆོག་ བོད་ལས་བྱོན་པའི་སྐབས་ འགོ་ཐོག་དང་པ་དགའ་ས་ལུ་ཞབས་ཀྱི་བཅགས་གནང་གནངམ་ཨིནམ་ལས་ རྩ་ཆེ་ཤོས་དང་རྒྱལ་རབས་ནང་ཚུད་ཡོད་པའི་རྫོང་ཁག་ཅིག་ཨིན།

 

སྤྱིར་བཏང་།

 

སའི་རྒྱ་ཚད་ གྲུ་བཞི་ཀི་ལོ་མི་ཊར་ ༣༠༨༡.༧༧

རྒྱ་མཚོའི་ཁ་ཚད་ མཐོ་ཚད་མི་ཊར་ ༡༥༠༠-༤༥༠༠

མི་རློབས་ ༢༩༧༠

ཕོ་ ༡༥༩༩

མོ་ ༡༤༧༡

རྒེད་འོག་ ༤

སྤྱི་འོག་ ༢༠